Monday, 9 September 2024

བློ་སྦྱོང།

 ༉    བློ་སྦྱོང་ཟེར་བའི་སྐབས་ བློ་ཟེར་མི་འདི་གཙོཝ་སེམས་ལུ་གོ་ནི་དང་ སྦྱོང་ཟེར་མི་འདི་རང་གིས་སེམས་བཏུལ་ནི་འདི་ལུ་ གོཝ་ཨིན། སྤྱིར་བཏང་སེམས་ལུ་ཡང་ དབྱེ་བ་ཅིན་ ཡང་དག་པ་དང་མ་དག་པའི་སེམས། དགེ་བའི་སེམས་དང་ མི་དགེའི་སེམས་ དེ་ལས་ ལུང་མ་བསྟན་གྱི་སེམས་ཟེར་ལེ་ཤ་ཡོདཔ་ཨིན། རྟོགས་པ་དང་ རིག་པའི་སེམས་ཡོད་མི་ལུ་སངས་རྒྱས་ཟེར་ གོ་ནི་དང་ མ་རྟོགས་པ་དང་ མ་རིག་པའི་སེམས་ཡོད་མི་ལུ་ སེམས་ཅན་ཟེར་སླབ་ཨིན།བྱང་ཆུབ་སེམས་པ་མ་ཡིན་པའི་ ང་བཅས་ཀྱི་སེམས་འདི་ ག་དེ་འབད་བཏུལ་དགོཔ་སྨོ་ཟེར་བ་ཅིན་ དྲན་པ་དང་ཤེས་བཞིན་བག་ཡོད་ ལ་སོགས་པའི་ཐོག་ལས་ སེམས་མ་ཡེངས་པར་ ལྭ་དང་བྱ་བ་ག་ཅིག་འབད་རུང་ དྲན་ཤེས་ཐོག་ལས་འབད་ནི་དང་ ང་གིས་རང་དང་གཞན་ལུ་ཕན་ཐོག་པའི་ལྭ་ཅིག་འབད་ནི་ཨིན་ཟེར་བའི་ཐོག་ལུ་ སེམས་འདི་བཏུལ་དགོཔ་ཨིན། དཔེར་ན། ང་བཅས་རའི་སེམས་འདི་ དཔེ་ རྟ་ཕོ་ཅིག་ལུ་གཞག་པ་ཅིན་ རྟ་ཕོ་འདི་ག་དེ་འབད་བཏུལ་ནི་ཡོད་ཟེར་བ་ཅིན་ རྟ་འདི་འགོ་དང་པ་བཏུལ་བའི་སྐབས་ ཐགཔ་ཐུང་སུ་འབད་མེན་པར་ ཐགཔ་རིངམ་འབད་བཏུལ་དགོཔ་ཨིན། ཐགཔ་ཐུང་སུ་འབད་བསྡམ་ བཞག་པ་ཅིན་ རྟ་འདི་གིས་ཁོ་ལུ་ང་བཅས་ཀྱི་གནོདཔ་བཀལ་ནི་མས་མནོ་ ཡར་མཆོང་མར་མཆོང་འབད་འདི་ ཁོ་ར་ལུ་གནོདཔ་བཀལ་ནིའི་ཉན་ཁ་ཡོད། ག་དེམ་ཅིག་འབད་ཐགཔ་རིངམ་འབད་བསྡམ་བཞག་པ་ཅིན་ ཁོ་ལུ་ཕར་དང་ཚུར་འགྱོ་ནིའི་རང་དབང་ཅིག་འདུག་མནོ་ ཡར་མར་མཆོང་ནི་ལ་སོགས་པ་ཚུ་མ་འབད་བར་སྡོདཔ་ཨིན། འདི་བཟུམ་འབད་ང་བཅས་ཀྱི་སེམས་འདི་ཡང་ བཏུལ་ནི་ཨིན་ཟེརཝ་ཅིག་ཚར་ཅིག་གུ་བཏུལ་ནི་མེན་པར་ འགྲོས་ཀྱིས་འབད་བག་ལྷད་བཏང་དགོཔ་ཨིན། དེ་སྦེ་འབདཝ་དྲཝ་འབད་བ་ཅིན་ ང་བཅས་རའི་སེམས་ཀྱི་མནོ་བསམ་བཏང་ཐངས་ཡང་ རང་བཞིན་ཤུགས་ཀྱི་ ལེགས་ཤོམ་འགྱོ་ནི་ཨིན།


བློ་སྦྱོང་བའི་ཐབས་ལམ་ཡང་ བློ་ལྡོག་རྣམ་པ་བཞི་ཟེར་ དལ་སྦྱོར་རྙེད་བཀའ།ཚེ་མི་རྟགས་པ། ལས་རྒྱུ་འབྲས་དེ་ལས་ འཁོར་བའི་ཉེས་དམིགས་ལ་སོགས་པའི་སྒོ་ལས་འབད་བློ་སྦྱོང་དགོཔ་ཨིན། བློ་ལྡོག་རྣམ་པ་བཞིའི་ཐོག་ལས་ བློ་སྦྱོང་ཚུལ་ཡང་ དལ་སྦྱོར་རྙེད་བཀའ་ཟེར' མིའི་ལུས་རྟེན་འདི་ འཐོབ་པར་གནམ་མེད་ས་མེད་ ལྭ་ཁག་ཨིན་རུང་ འདི་ལས་བརྟེན་ཏེ་འཇུག་ལུ་ ང་བཅས་མིའི་ལུས་རྟེན་འདི་ལས་ ཆོས་འབད་ཚུགས་པའི་ནུས་པ་ ངེས་པར་དུ་ཡོད་ཟེར་ དགེ་བ་བཅུའི་སྒོ་ལས་ བློ་སྦྱོང་ནི་དང་ ཚེ་མི་རྟགས་པ་ཟེར་ ང་བཅས་མི་ལུས་འཐོབ་སྟེ་ མ་ཤི་གསོན་པོ་འབད་སྡོད་པའི་རིང་ལུ་ ཆོས་འབད་ནིའི་དུས་ཚོད་མེད་རུང་ ནམ་ཅིག་ཚད་ ཤི་ནི་འཐེད་རེ་འབའ་རེ་ཨིན། སྔོན་མ་ལས་ད་ལྟོ་ཚན་ སྐྱེ་བ་ལན་ཞིན་ན་ མ་ཤི་བར་སྡོད་མི་ག་ཡང་མེད་ ག་ར་འཆི་བ་མི་རྟགས་པའི་ལམ་ལུ་འགྱོ་དགོ་ཟེར་བའི་ ཐོག་ལུ་བློ་སྦྱོང་དགོཔ་ཨིན། འདི་མ་ཚད་ ལས་རྒྱུ་འབྲས་ཟེར་ ཚེ་ད་རེས་དགེ་བའི་ལྭ་འབད་བ་ཅིན་ ཚེ་ཕྱི་མ་ལྷ་དང་མིའི་གོ་འཕང་ འཐོབ་ནི་དང་ ཚེ་ད་རེས་ མི་དགེ་བའི་ལྭ་འབད་ན་ ཚེ་ཕྱི་མ་ངན་སོང་ལུ་སྐྱེ་ནི་ཐད་ཚོམ་མེད་ཟེར་བའི་སྒོ་ལས་ བློ་སྦྱོང་ནི། དེ་ལས་ འཁོར་བའི་ཉེས་དམིགས་ཟེར་ འཁོར་བ་འདི་རང་སྡུག་བསྔལ་གྱི་ རང་བཞིན་ཅིག་ཨིན། འདི་ཡང་ འཁོར་བ་ཟེར་མི་འདི་རང་ ལོག་ཅིག་ལོག་ཅིག་ སྐྱེ་བ་ལེན་ཏེ་སྡོད་མི་གཅིག་ལུ་གོ་ནི་དང་ འཁོར་བ་ཟེར་མི་འདི་ལུ་ སྐྱེ་རྒ་ནྭ་འཆི་གི་ སྡུག་བསྔལ་ཡོདཔ་ལས་ འདི་ལུ་སྙིང་པོ་ག་ནི་ཡང་མེདཔ་ཨིན། འདི་འབདཝ་ལས་ འཁོར་བའི་ཉེས་དམིགས་ཀྱི་ཐོག་ལས་ བློ་སྦྱོང་ཚུལ་འདི་ཡང་ འཁོར་བ་འདི་རང་སྡུག་བསྔལ་གྱི་རང་བཞིན་ཅིག་འབདཝ་ལས་ འདི་ལུ་སྙིང་པོ་ཅིག་ག་ནི་ཡང་མིན་འདུག་ཟེར་བསམ་ཞིནམ་ལས་ ད་ལས་ཕར་འཁོར་བ་ནང་སྡུག་བསྔལ་སྨྱོང་སྡོད་ནི་མེན་པར་ ཡང་དག་པའི་ལམ་ མཐར་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཚུགསཔ་འབད་ནི་ཟེར་བའི་ཐོག་ བློ་སྦྱོང་དགོཔ་ཨིན། 



ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལུ་ བདག་གཞན་མཉམ་པར་དང་རྗེ་བ་ཟེར་གཉིས་ཡོད། དང་པ་ བདག་གཞན་མཉམ་པར་ཟེར་མི་འདི་ བདག་ཟེར་རང་དང་གཞན་གཅིག་ཨིན་ ཡང་ན་ བཅོག་འཐདཔ་ཨིན་ཟེར་མི་ལུ་ གོ་ནི་ཨིན། རང་ལས་རྟེན་གཞན་འབྱུང་ནི་དང་ རང་མེད་པ་ཅིན་གཞན་ཡང་མེད་པའི་ཕྱིར་དུ་ བདག་གཞན་མཉམ་པ་ཟེར་སླབ་ཨིན། དཔེར་ན་ རང་དོན་རྐྱངམ་ཅིག་མནོ་བསམ་བཏང་སྡོད་མི་ ཉན་ཐེས་དང་རང་རྒྱལ་ཚུ་གིས་ འགྱོ་བའི་ལམ་ཁར་ སྦུལ་གཅིག་འཐོང་པ་ཅིན་ སྦུལ་འདི་ལུ་ཉེས་པ་ག་ཅིག་ཡང་མེད་འདི་འབད་རུང་ འདི་ལུ་ཁོང་ཁྲོ་དང་འཇིགས་སྣང་བསྐྱེད་དེ་ འདི་འཕྲོ་ལས་སྦུལ་འདི་བསད་ནི་དང་ དོ་རུ་ཡང་ཞེ་སྡང་གིས་དབང་གིས་འདི་བཟུམ་ང་གིས་འབད་ཚུགསཔ་ཅིག་ཟེར་ ངལ་རངས་དང་དཔའ་ཉམས་བསྐྱེད་དེ་སྡོདཔ་ཨིན། རྒྱུ་མཚན་འདི་འབདཝ་ལས་རང་འདི་བདེ་བ་འཐོབ་དགོ་ གཞན་འདི་སྡུག་བསྔལ་སྨྱོང་བཅུག་ཟེར་མི་ལུ་ངོ་ཚ་བསྐྱེད་དེ་ རང་སྡུག་བསྔལ་མི་དགོ་དོ་བཟུམ་ གཞན་སེམས་ཅན་ཚུ་ཡང་སྡུག་བསྔལ་ཆུང་ཀུ་གཅིག་ཡང་མི་དགོ་ རང་དང་ལྕོགས་འཐདཔ་ཨིན་ཟེར་མནོ་བསམ་བཏང་ཤེས་དགོ། བདག་གཞན་གཉིས་ཀ་སྒོམ་ཚུལ་རང་གི་བསམ་སྤྱོད་དབང་དུ་གཏང་ན། དེ་ཡང་བདག་ཟེར་མི་འདི་ ཡོད་ག་ཟེར་བ་ཅིན་ མེད་། བདག་ཟེར་མི་འདི་ཕུང་པོ་ལྔ་ལས་བརྟེན་ བཏགས་བཏགཔ་ཙམ་ཅིག་ཨིན། འདི་འབདཝ་ལས་ རང་སངས་རྒྱས་གོ་ཕང་ཐོབ་ནས་ གཞན་ཡང་ སངས་རྒྱས་གོ་འཕང་སྐྱེ་བའི་ཕྱིར་དུ་ བློ་སྦྱོང་དགོཔ་ཨིན།

  བདག་གཞན་རྗེ་བ་ཟེར་མི་འདི་ རང་དང་གཞན་གྱིས་སྡུག་བསྔལ་ལ་སོགས་པ་ཚུ་རྗེ་སོར་འབད་ནི་ཡང་ན་གཏོང་ལོན་ཟེར་ ཕར་སྦྱིན་ནི་དང་ཚུར་ལེན་ནི་གཅིག་ལུ་གོ་ནིཨིན།  འདི་ཡང་དཔེར་ན་ ཧང་ཏོ་མ་ག་ནི་ཡང་མེད་པའི་མི་གཅིག་ ང་བཅས་འབད་སར་འོང་པ་ཅིན་ ང་བཅས་ཀྱི་རྒྱུ་དང་བུང་གིས་སྒོ་ལས་རྒྱ་ཆེན་པོ་ཅིག་འབད་མ་ཚུགས་རུང་ རང་ལུ་ག་ཡོདཔ་འདི་ཕང་སེམས་མེད་པར་ མི་འདི་ལུ་སྙིང་རྗེ་གི་སྒོ་ལས་ ཁོ་ལུ་ཕན་ཆུང་ཀུ་ཅིག་འབད་རུང་ཐོག་བཅུག་ཟེར་མནོ་བསམ་བཏང་ནི་དང་ དེ་འབད་འབདཝ་དྲཝ་ཅིག་འབད་བ་ཅིན་ རང་དང་གཞན་གཉིས་ཆ་ར་ བདེ་བ་འཐོབ་ནི་དང་བསྡུ་བསྔལ་མི་སྨྱོང་ནི་ཨིན། དང་པ་ར་ ང་བཅས་ཀྱི་རྒྱུད་ལུ་ བདག་གཞན་མཉམ་པ་མ་བསྒོམ་པ་ཅིན་ བདག་གཞན་བརྗེ་བར་ཡང་ མི་འོང་ནི་ཨིནམ་ལས་ བདག་གཞན་མཉམ་པ་དང་བརྗེ་བ་གཉིས་གིས་ཐོག་ལས་ བྱང་ཆུབ་ཀྱི་སེམས་བསྒོམ་དགོ། འདི་ཡང་ གཞན་གྱི་སྡུག་བསྔལ་ཞི་བའི་ཕྱིར་དུ་ རང་ལུ་བདེ་བ་ཡོད་མི་འདི་གིས་ གཞན་སེམས་ཅན་ཚུ་འཁོར་བའི་སྡུག་བསྔལ་ལས་བརྡིབ་བཅུག་ཟེར་བའི་བསམ་པ་དང་ འཁོར་བའི་སེམས་ཅན་ག་ར་རང་དང་གཅིག་ཁར་ ཐར་པའི་གོ་འཕང་འཐོབ་བཅུག་ཟེར་བའི་སེམས་བསྐྱེད་པའི་སྒོ་ལས་བློ་སྦྱོང་དགོཔ་ཨིན། 


ཇོ་བོ་རྗེ་ཨ་ཏི་ཤསའི་ ལུགས་ཀྱི་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ལས་བློ་སྦྱོང་ཚུལ་འདི་ཡང་ འདི་ཚུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སེམས་རྒྱུད་ལུ་སྐྱེ་བའི་གོ་རིམ་དང་ཐབས་ཤེས་བཟུམ་ཅིག་ཨིན། སེམས་རྒྱུད་ལུ་སྐྱེ་བའི་རིམ་པ་ཡང་གཅིག་ལུ་གཅིག་བརྟེན་ཏེ་སྐྱེ་དགོཔ་ལས་འདི་ལུ་རྒྱུ་འབྲས་ཟེར་སླབ་ཨིན་མས། རྒྱུ་འབྲས་མན་ངག་བདུན་ནི། ༡、བཏང་སྙོམས། ༢、མར་ཤེས་པ།༣、དྲིན་དྲན་པ།༤、དྲིན་གཟོ་བ། ༥、ཡིད་འོང་གི་བྱམས་པ། ༦、སྙིང་རྗེ་ཆེན་པོ། ༧、ལྷག་བསམ་རྣམ་དག་བཅས་བདུན་ཨིན། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ལས་ བྱང་ཆུབ་སེམས་སྐྱེ་སྒོ་ནས་ བརྩོན་འགྲུས་བསྐྱེད་དགོཔ་ཨིན། རྒྱུ་འབྲས་མན་ངག་བདུན་ལ་སོགས་པ་ལུ་བློ་སྦྱོང་འབད་བ་ཅིན་ཕན་ཐོག་ཡོདཔ་འདི་སླབ་ར་མི་དགོཔ་ཨིན། འཛམ་གླིང་ཞི་བདེ་དང་ནད་མུག་འཁྲུག་རྩོད་ལ་སོགས་པ་ སྙིང་རྗེ་ཆེན་པོ་དང་ལྷག་བསམ་རྣམ་དག་ལས་ལྷག་པའི་ཐབས་ལེགས་ཤོས་ག་ནི་ཡང་མེདཔ་ལས་ག་ར་གིས་ འདི་བཟུམ་བསམ་བློ་གཏང་པའི་མཐུན་རྐྱེན་རེ་བསྒྲུབ་ཚུགས་པ་ཅིན་དེ་ལས་ལྷག་པའི་དགེ་བ་མེད་འོང་ཟེར་ཞུ་ནི་ཨིན། 


འཇུག་རང་་ གོང་ལུ་བཤད་མི་ཚུ་ བཅུད་བསྡུ་བ་ཅིན་ བདག་གཞན་མཉམ་པ་དང་ བདག་གཞན་བརྗེ་བར་ དེ་ལས་ རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ལས་ བློ་སྦྱོང་པ་ཅིན་ ཆོས་ཕྱོགས་ཀྱི་བྱ་བ་མ་ཚད་ འཇིག་རྟེན་གྱི་བྱ་བ་ག་ཅིག་རང་འབད་རུང་ ཕུན་སུམ་ཚོགས་ཏེ་ འཛམ་གླིང་ནང་ལུ་ ཞི་བདེ་འོང་སྲིད་ནི་དང་ ལྷག་པར་དུ་ལྷ་དང་མིའི་གོ་འཕང་ འཐོབ་ནིའི་བསོད་ནམས་ ཡོདཔ་ཨིན། 


བཀྲིན་ཆེ





1 comment:

HOPE;